ཚན་རིག་གི་རྣམ་གཞག

༈ གཉིས་པ་ཚན་རིག་གི་རྣམ་གཞག་བརྗོད་པ་ནི། ད་ནི་ཕྱིས་སུ་དར་བའི་རིག་གནས་གསར་བ་ཚན་རིག་གི་རྣམ་གཞག་མདོ་ཙམ་བརྗོད་པར་བྱ་སྟེ། འདི་དུས་ནམ་གྱི་ཚེ་ན་མགོ་ཚུགས་པ་ནི། སྤྱིར་ཚན་རིག་གི་ནང་ཚན་དུ་གྱུར་པའི་རིགས་པ་དང་ལག་རྩལ་ཅི་རིགས་པ་སྔར་ནས་ཀྱང་ཡོད་པར་འདོད་མོད།

 

གཙོ་བོ་དུས་རབས་བཅུ་བཞི་པ་ནས་བཅུ་དྲུག་པའི་བར་དུ་ཡོ་རོབ་གླིང་དུ་རིག་རྩལ་བསྐྱར་དར་གྱི་བསམ་བློའི་རིག་གནས་འགུལ་སྐྱོད་བྱུང་ནས་གནམ་རིག་དང༌། རྩིས་རིག་དང༌། གསོ་རིག་དང༌། དངོས་ཁམས་རིག་པ་དང༌། ས་ཁམས་རིག་པ་སོགས་རིག་གནས་དང་སྤྱི་ཚོགས་ཀྱི་ལམ་ལུགས་གསར་བ་བསྐྲུན་པར་བྱས་ནས་དུས་རབས་བཅུ་བདུན་པའི་མགོར་ཉེ་རབས་ཚན་རིག་གི་མྱུ་གུ་སྐྱེ་བ་ལ་ཞིང་ས་དུལ་བ་ལྟ་བུ་བསྐྲུན་ཟིན་ནས། དུས་རབས་དེའི་སྨད་ནས་དར་བར་འདོད་དེ། ཚན་རིག་པ་དབྱང་ཀྲིན་ཉིན་(杨振宁)གྱིས། ཉེ་རབས་ཀྱི་ཚན་རིག་ནི་མིའི་རིགས་ཀྱི་འགུལ་བསྐྱོད་གསར་བ། སྙིང་སྟོབས་གསར་བ། བྱེད་ཐབས་གསར་བ་ཞིག་རེད། འགའ་རེས་ཆོས་ལུགས་གསར་པ་ཞེས་ཀྱང་འདོད། གལ་ཏེ་འདིའི་མགོ་ཚུགས་པ་ལ་དུས་ཚོད་ངེས་པ་ཅན་ཞིག་གཏན་ཁེལ་བྱ་དགོས་ན།ངེད་ཀྱིས་༡༦༨༧ལོ་ལ་ངོས་གཟུང་བྱ་རྒྱུ་ཡིན་ཞེས་ཟེར་བ་ལྟར་རོ།།

ལོ་དེར་ཨེ་ཟེ་ཁེ་ཉུས་ཏུན་(Isaac Newton, 牛顿)གྱིས་ལོ་ཉི་ཤུའི་རིང་ལ་ཞིབ་འཇུག་བྱས་པ་ལས་བྱུང་བའི་གྲུབ་འབྲས་སུ། རང་བྱུང་མཚན་ཉིད་རིག་པའི་རྩིས་རིག་གི་གོ་དོན་ཞེས་པའི་གཞུང་བརྩམས་ཏེ།ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་སྐར་རྣམས་ཀྱི་འཁོར་བགྲོད་བྱེད་ཚུལ་དང་དངོས་པོ་ཕན་ཚུན་བར་གྱི་བྱ་བ་བྱེད་ཚུལ་མང་པོ་གཏན་ལ་ཕབ་པས་མི་རྣམས་ལ་ཕྱི་དངོས་པོའི་རྣམ་གཞག་ལ་ལྟ་བ་གསར་བ་བསྐྲུན་པ་ཡིན་ནོ།།

You have no rights to post comments

པར་སྐྲུན་བདག་དབང་གློག་རྡུལ་འཕྲུལ་དེབ་ཁང་ལ་ཡོད

Tibetan eBooks ©2011. All rights reserved