རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།

༄༅། །ངས་ཚན་རིག་ལ་ཆེད་སྦྱོང་བྱས་མ་མྱོང༌། ངའི་ཤེས་ཡོན་ཕལ་ཆེ་བ་ནི་གཟའ་རེའི་གསར་འགྱུར་ལྟ་བུའི་དུས་དེབ་ནང་དུ་ཚན་རིག་གི་ཤེས་བྱ་དང་འབྲེལ་བའི་གསར་འགྱུར་ཀློག་པ་དང༌། ཡང་ན་སྦེ་སྦེ་སེའི་༼BBC༽འཛམ་གླིང་གསར་འགྱུར་ལ་ཉན་པ། རྗེས་སུ་གནམ་དཔྱད་རིག་པའི་སློབ་དེབ་ཁག་ཅིག་ལ་བལྟས་པ་བཅས་ལས་ཐོབ། འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་ངས་ཚན་རིག་པ་དང་ལྷན་དུ་སྒེར་གྱི་ཚོགས་འདུ་སྐོང་བ་དང་བགྲོ་གླེང་གང་མང་བྱས་མྱོང༌།

 

བགྲོ་གླེང་དང་ཚོགས་འདུ་དེ་ཚོའི་སྐབས་སུ་ངས་རྒྱུན་དུ་ཚན་རིག་པའི་བསམ་བློའི་དཔྱད་ཐབས་དང༌། ཚན་རིག་གི་གཞི་རྩའི་མ་དཔེ། རྣམ་གཞག་བྱེ་བྲག་པ་དང་གསར་རྙེད་ཤེས་བྱ་གཉིས་ཀྱི་ཤུགས་བསྟན་གྱི་མཇུག་འབྲས་སོགས་རྟོགས་པར་འབད་བརྩོན་བྱས་ཡོད། ཡིན་ཡང༌། ངས་ཚན་རིག་གི་སྐོར་ལ་བསམ་གཞིགས་གཟབ་ནན་བྱས་པ་ནི། ཚན་རིག་གིས་དངོས་ཡོད་གནས་ལུགས་ཅི་ཡིན་པ་རྟོགས་པར་འབད་བརྩོན་བྱེད་པ་འདི་གཅིག་པུ་མ་ཡིན་པར། དེ་བས་ཀྱང་གལ་ཆེ་བའི་གནད་འགག་ཅིག་སྟེ། ཚན་རིག་གིས་ཀུན་སྤྱོད་རིག་པ་དང་འགྲོ་བ་མིའི་རིགས་ཀྱི་རིན་ཐང་ལ་ཤུགས་རྐྱེན་གང་འདྲ་ཐེབས་པ་བཅས་ཡིན། འདས་པའི་ལོ་ངོ་དེ་དག་གི་ནང་ངས་དོ་སྣང་གཙོ་བོ་བྱ་ཡུལ་གྱི་ཚན་རིག་གི་སྡེ་ཚན་ཁག་ནི་ཆ་རྡུལ་ཕྲ་མོའི་དངོས་ཁམས་རིག་པ་དང༌། འཇིག་རྟེན་གྲུབ་ཚུལ་རིག་པ། སྐྱེ་དངོས་རིག་པ། དབང་རྩའི་ཚན་རིག་དང་སེམས་ཁམས་རིག་པ་སོགས་ཡིན། ངའི་ཤེས་ཡོན་དང་རིག་གནས་སྦྱོང་བརྡར་གྱི་རྨང་གཞི་ནི་ནང་ཆོས་ཡིན་པས། ངས་རང་བཞིན་གྱིས་ནང་པའི་ལྟ་གྲུབ་གཙོ་བོ་ཁག་དང་ཚན་རིག་གི་ལྟ་བ་གལ་ཆེན་བར་གྱི་མཐུན་པའི་ཆ་ལ་བསམ་བློ་རྒྱུན་དུ་བཏང་མྱོང༌། དེབ་འདི་ནི་ལྦུ་བའི་ཁང་དང༌། རྡུལ་ཕྲ་རབ་ཀྱི་མགྱོགས་ཚད་སྤར་ཆས། བྱེད་ལས་ཀྱི་ཁབ་ལེན་ལྡོག་སྒྲའི་གློག་པར་བཅས་ཀྱི་འཇིག་རྟེན་དུ་བོད་ཀྱི་ནང་པའི་གྲྭ་པ་ཞིག་སླེབས་པའི་ཤེས་ཡོན་གྱི་འཚོལ་སྙེག་དང༌། དེ་འདྲའི་ཡུན་རིང་པོ་ལ་བསམ་གཞིགས་བྱས་པའི་འབྲས་བུ་ཡིན།
རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་མང་ཕྱིན་པའི་རྗེས་སུ། དགེ་འདུན་ཆོས་འཕེལ་གྱིས་ ༡༩༤༠ ནང་ལ་བོད་ཀྱི་ནང་པའི་མཁས་པ་ཚོར་སྤྲིངས་པའི་འཕྲིན་ཡིག་ཁ་གསལ་ཞིག་ངའི་ལག་ཏུ་སོན་བྱུང༌། ཁོང་ནི་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་ལེགས་སྦྱར་གྱི་སྐད་ཙམ་མ་ཡིན་པར་དབྱིན་ཡིག་ཀྱང་ཤེས་པའི་མཁས་དབང་ཁྱད་པར་བ་ཞིག་རེད། ༡༩༣༠ ཡས་མས་སུ་ཁོང་དབྱིན་ཇི་བས་བཟུང་བའི་རྒྱ་གར་དང༌། ཨ་ཧཕི་རྒ་ནི་སི་ཐན། བལ་ཡུལ། ཤྲི་ལངྐ་བཅས་ཀྱི་ནང་དུ་འགྲུལ་བཞུད་རྒྱ་ཆེར་བྱས་ཤིང༌། ཁོང་གི་ལོ་བཅུ་གཉིས་ཀྱི་འགྲུལ་བཞུད་རྫོགས་ལ་ཉེ་སྐབས་བྲིས་པའི་འཕྲིན་ཡིག་འདི་ནི་ཧ་ལས་པ་ཞིག་རེད། དེའི་ནང་དུ་ཁོང་གིས་ནང་ཆོས་དང་དེང་རབས་ཀྱི་ཚན་རིག་གི་སྡེ་ཚན་གང་མང་བར་ལ་ཕན་ནུས་ལྡན་པའི་བགྲོ་གླེང་གི་གླེང་སྟེགས་ཡོད་ཚུལ་བརྗོད་འདུག ཁོང་གི་འདོད་ཚུལ་ནི་ངའི་ལྟ་ཚུལ་དང་ཧ་ལམ་གཅིག་མཚུངས་སུ་སྣང༌། བློ་ཕམ་པ་ཞིག་ལ་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་འཕྲིན་ཡིག་འདིར་དགོས་ངེས་ཀྱི་དོ་སྣང་སྤྲད་མེད་པ་དང༌། རྒྱུ་མཚན་ཞིག་ནི་ ༡༩༥༩ ལོར་ང་བཙན་བྱོལ་དུ་མ་ཡོང་བའི་སྔོན་ལ་བོད་ནང་དུ་འཕྲིན་ཡིག་འདི་དཔར་སྐྲུན་ཚད་ལྡན་ཞིག་བྱས་མི་འདུག གང་ལྟར་ང་ཚན་རིག་གི་འཇིག་རྟེན་གྱི་ཤེས་ཡོན་འཚོལ་སྙེག་ལ་མ་ཞུགས་པའི་སྔོན་དུའང༌། ང་དང་ཆོས་བརྒྱུད་གཅིག་པ་ཞིག་ཞུགས་མྱོང་བ་འདིས་ང་ལ་སེམས་ཤུགས་སྤྲད་མྱོང༌། ལྷག་པར་དགེ་འདུན་ཆོས་འཕེལ་ནི་ངའི་ཕ་ཡུལ་ཨ་མདོ་ས་ཁུལ་ནས་འོངས་པ་ཡིན་པས་སེམས་ཤུགས་དེ་སྔར་ལས་ཀྱང་ཆེ་རུ་ཕྱིན། བྲིས་ནས་ལོ་མང་སོང་བའི་འཕྲིན་ཡིག་འདི་ངའི་ལག་ཏུ་སོན་སྐབས་ང་ལ་ཚོར་བ་ཤུགས་དྲག་པོ་སྐྱེས་བྱུང༌།

དཔྱད་བརྗོད།   

 
+1 # ལོ་བྷེ 2012-06-29 02:04
གངས་རི་རྭ་བའི་སྐོར་བའི་ཞིག་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིཊ་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བསྟན་པར་ཤོག།
 
 
0 # ཨ་ཕྲུག 2012-07-07 12:51
སྐྱབས་སུ་Quoting ལོ་བྷེ:
གངས་རི་རྭ་བའི་སྐོར་བའི་ཞིག་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིཊ་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བསྟན་པར་ཤོག།

 

You have no rights to post comments

པར་སྐྲུན་བདག་དབང་གློག་རྡུལ་འཕྲུལ་དེབ་ཁང་ལ་ཡོད

Tibetan eBooks ©2011. All rights reserved